Listen

Description

ཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་ཨ་རིའི་ཝར་ལྗི་ནི་ཡཱ་སློབ་ཆེན(University of Verginia)་ནས་སློབ་གསོའི་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་བཀྲ་ཤིས་བདེ་སྐྱིད་ལགས་རེད།  ཁོ་མོས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་མཐོ་རིམ་སློབ་གསོའི་ཞིབ་འཇུག་སྐོར་ནས་ཁ་བརྡ་བྱས་ཡོད་ལ། དམིགས་བསལ་གྱིས་གཉུག་གནས་མི་རིགས(Indigenous Peoples)ཀྱི་ཤེས་རིག་གི་གཞུང་ལུགས་དང་ཞིབ་འཇུག་ཐབས་ལམ་རིག་པ་ལ་བརྟེན་ནས་བོད་ཀྱི་སྣོད་བཅུད་ལྟ་བ་གཙོར་འཛིན་པའི་ཤེས་རིག་རྒྱུན་འཛིན་དང་ཤེས་རིག་ གསར་སྐྲུན་གྱི་ཐབས་ལམ་རིག་པ་ཞིག་གསལ་བརྗོད་བྱེད་འདོད་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་བྱས་ཡོད།

མོ་ངེ་བཀྲ་ཤིས་བདེ་སྐྱིད་ནི་ཁམས་མི་ཉག་མགར་ཐར་རམ་དཀར་མཛེས་ཁུལ་རྟའུ་རྫོང་གི་མི་རེད། སློབ་གྲྭ་ཆུང་བ་དང་འབྲིང་རིམ་སོགས་གྲོང་མགོ་སྡེ་བ་དང་མགར་ཐར་དགོན་པའི་སློབ་ཆུང་། དར་རྩེ་མདོའི་བོད་ཡིག་སློབ་འབྲིང་དང་དར་མདོའི་དགེ་ཐོན་འབྲིང་གཉེར་སློབ་གྲྭ་སོགས་ནས་བཏོན། དངོས་གཞིའི་སློབ་གསོ་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བོད་སྐད་ཡིག་དང་རྩོམ་ཡིག་གི་ཆེད་སྦྱོང་བསླབས། སློབ་ཆེན་མཐར་ཕྱིན་རྗེས་ཝིན་རོགས་ཚོགས་པ་ནས་བོད་ཁུལ་གྱི་ཁོར་སྲུང་དང་རིག་གནས་རྒྱུན་འཛིན་གྱི་ལས་གཞི་ལ་ལོ་འགའི་རིང་ལས་ཀ་བསྒྲུབས།